Bachelors in Traditional Medicine

མཆོད་བརྗོད།

༄༅། །འགྲོ་བ་མ་ལུས་སྲིད་པའི་རྒྱ་མཚོ་བརྒལ་དཀའ་འདི་ལས་མྱུར་དུ་རྣམ་མཁྱེན་གོ་འཕང་མཆོག་ལ་བཀྲི་བའི་ཆེད། །

གཞན་ཕན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚེ་རབས་ཀུན་ཏུ་གཅེས་པའི་ལུས་སྲོག་བུ་ནོར་འཁོར་བཅས་བློ་ཡིས་བཏང་། །

སྒོ་གསུམ་སྡོམ་ཞིང་བཟོད་པའི་གོ་གྱོན་བརྩོན་པས་དགེ་བའི་བཤེས་བསྟེན་དབེན་གནས་དམ་པར་ཏིང་འཛིན་ཟས་ལ་རོལ། །

བརྩོན་པས་བྱང་ཆུབ་མི་ཟད་མི་རྒའི་གོ་འཕང་མཆོག་བརྙེས་མཛད་པ་ཤཱཀྱའི་རྒྱལ་པོའི་ཞབས་ལ་གུས་ཕྱག་འཚལ། །

ཡེ་ནས་མ་བཅོས་རང་སྣང་དག་པའི་ཞིང་། །སྣ་ཚོགས་སྨན་དང་ནོར་བུས་བརྒྱན་པའི་དབུས། །

རྒྱལ་བའི་ཐུགས་སྤྲུལ་རིག་པའི་ཡེ་ཤེས་དང་། །གསུང་སྤྲུལ་དྲང་སྲོང་མཆེད་ལ་གུས་ཕྱག་འབུལ། །

གདོད་ནས་སྤངས་དང་རྟོགས་པའི་རྩེར་སོན་སྟོབས་བཅུ་མངའ་བའི་དབང་ཕྱུག་མངོན་གྱུར་པས། །

མངལ་གྱི་ཆུ་འཛིན་གྲོལ་དང་ལྷན་ཅིག་ཤེས་བྱའི་ཆོས་ཀུན་ཐུགས་ལ་ལྷམ་མེར་གསལ། །

ཀུན་རྟོག་དྲེགས་པའི་རྡུལ་གྱིས་མ་གོས་མཁས་མང་གཙུག་གིས་ཡང་ཡང་བསྟེན་ཚུལ་མཛད། །

གཡུ་ཐོག་པ་ཞེས་གྲགས་པའི་མགོན་དེ་དེང་ནས་ཚེ་རབས་ཀུན་གྱི་སྐྱབས་སུ་མཆོད། །

གཞུང་དོན་གཏན་ལ་འབེབས་མཁས་བྱང་པ་དང་། །ལག་ལེན་མན་ངག་སྤེལ་མཁས་ཟུར་མཁར་བ། །

གསོ་དཔྱད་བསྟན་པ་སྤེལ་མཛད་སཱ་རའི་ཞབས། །ནོར་བུའི་མཚན་ཅན་མདེལ་དམར་སོགས་ལ་འདུད། །

མཁྱེན་པས་ཤེས་བྱའི་གནས་རྣམས་མ་ལུས་གཟིགས། །བརྩེ་བས་འགྲོ་རྣམས་ངན་འགྲོའི་གཡང་ལས་སྐྱོབ། །

ནུས་པས་རྒོལ་ངན་བསྟན་པའི་གཤེད་རྣམས་བསྒྲལ། །ངག་དབང་རྣམ་པར་རྒྱལ་བའི་ཞབས་ལ་འདུད། །

ཁུ་ནུའི་ཡུལ་དུ་སྐྱེ་བའི་འཁྲི་ཤིང་བཟུང་། །གངས་ཅན་ལྗོངས་སུ་ཐོས་བསམ་དོན་དུ་གཉེར། །

སྨན་གྱི་ལྗོངས་འདིར་གསོ་དཔྱད་བསྟན་པ་སྤེལ། །མཁས་དབང་ཐུབ་བསྟན་ལེགས་བློའི་ཞབས་ལ་འདུད། །

སྨན་གྱི་ལྗོངས་འདིར་རང་ལུགས་གསོ་དཔྱད་ཀྱི། །དཔེ་ཁྲིད་ལག་ལེན་ཞལ་རྒྱུན་མ་ནོར་བར། །

མ་འོངས་བུ་བརྒྱུད་ཀུན་ལ་སྤེལ་བའི་ཆེད། །ཆོས་ཚན་རྩ་གཞུང་འདི་ན་འགོད་པར་བྱ། །

ཞེས་མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བའི་མེ་ཏོག་སྔོན་དུ་འཐོར་བས་མདུན་ལམ་མཛེས་པར་བྱས་ནས་གསོ་རིག་གཙུག་ལག་གཞི་རིམ་གྱི་སློབ་ཚན་རྩ་གཞུང་དངོས་རིམ་པ་བཞིན་དུ་བཤད་པར་བྱའོ། །

༡)   སློབ་སྦྱོང་གི་གཞི་རིམ་གནས་ཚུལ།

༡.༡) སློབ་ཚོགས།   

    ནང་པའི་གསོ་བ་རིག་པའི་སློབ་ཚོགས། ཐིམ་ཕུག་ཀ་ཝང་བྱང་ས།

༡.༢) ལས་རིམ་དང་གནང་ཆའི་མིང་།

    ལས་རིམ།      དྲུང་འཚོའི་སློབ་སྦྱོང་ལས་རིམ།

    གནང་ཆ།      གསོ་རིག་གཙུག་ལག་གཞི་རིམ་ཤེས་ཚད། (BTM)

༡.༣) སློབ་སྦྱོང་གི་དུས་ཡུན་དང་ཐབས་ལམ།

    དུས་ཡུན་      ལོ་ལྔ།

    ཐབས་ལམ།     སློབ་སྟོན་གསལ་བཤད་དང་བློར་འཛིན་སྨན་བཅོས་ལག་ལེན་དེ་ལས་ལཱ་གཞི་མཉམ་སྦྲགས་ཀྱི་སློབ་སྦྱོང་ཐབས་ལམ་ཚུ་ཨིན།

༢)  སྤྱིར་བཏང་སློབ་སྦྱོང་གི་དམིགས་ཡུལ།

སྔོན་རབས་ཀྱི་ལོ་རྒྱུས་དང་ལྡན་པའི་ལམ་སྲོལ་གྱི་ཤེས་ཡོན་ཕུན་སུམ་ཚོགས་པའི་རང་ལུགས་སྨན་བཅོས་ཀྱི་ལམ་ལུགས་གསོ་བ་རིག་པའི་གཞུང་འདི་ཞིབ་འཚོལ་ཐོག་ལས་རྒྱུན་སྐྱོང་དང་ཡར་རྒྱས་གཏང་ནི་དང་། མི་སེར་ལུ་ཟས་སྤྱོད་སྨན་དཔྱད་བཞི་གི་ཐོག་ལས་ན་བ་གསོ་བ་དང་ནད་གཞི་སྔོན་འགོག་གི་ཞབས་ཏོག་ཞུ་ནི་དང་། གཞན་ཡང་དེང་སང་འཛམ་གླིང་གི་ས་ཁྱོན་ཡོངས་ལུ་མེད་ཐབས་མེད་པའི་དབྱིན་སྐད་སླབ་ནི་དང་འབྲི་ནི་ དེ་ལས་བརྡ་དོན་འཕྲུལ་རིག་གི་ཤེས་ཡོན་ཚུ་ཐོགས་ཆགས་མེད་པར་ལག་ལེན་འཐབ་ཚུགསཔ་བཟོ་ནི་ཨིན།

༣)  ཁྱད་པར་གྱི་དམིགས་ཡུལ།

ལས་རིམ་འདི་མཇུག་བསྡུཝ་ད་སློབ་ཕྲུག་ཚུ་གིས་གཤམ་གསལ་གྱི་རིག་རྩལ་ཚུ་ལག་ལེན་འཐབ་ཚུགས།

  • ནད་ཀྱི་སློང་རྒྱུ་དང་ མཚན་ཉིད་རྟགས་ ཕན་གནོད་གོམས་པའི་ཐོག་ལས་ནད་རིགས་སྤྱི་དང་བྱེ་བྲག་སོ་སོའི་བརྟག་ཐབས་མན་ངག་དང་བཅས་པའི་ནད་ངོས་འཛིན་འབད་ཚུགསཔ་ཨིན།
  • ནད་དང་གཉེན་པོ་སྤྲོད་པའི་གསོ་ཚུལ་དང་གསོ་ཐབས་ལག་ལེན་མན་ངག་དང་བཅས་པའི་ཐོག་ལས་ནད་རིགས་ཀྱི་སྨན་བཅོས་འབད་ཚུགསཔ་ཨིན།
  • གཏར་བསྲེག་སོགས་རྩུབ་བཅོས་དང་། དུགས་ལུམས་སོགས་འཇམ་པའི་དཔྱད། གཞན་ཡང་ལས་ལྔའི་ལག་ལེན་དང་བཅས་པའི་སྒོ་ལས་ནད་རིགས་ཀུན་ལུ་ཚད་གཞི་ངེས་བརྟན་ཅིག་གུ་དཔྱད་ཀྱི་ལག་ལེན་ཚུལ་བཞིན་འཐབ་ཚུགསཔ་ཨིན།
  • ཕན་ཟས་དང་གནོད་ཟས། དྲག་དལ་གྱི་སྤྱོད་ལམ་སོགས་ཟས་སྤྱོད་སྤང་བླང་གི་བསླབ་བྱ་ཐོག་ལས་སྨན་དཔྱད་ཀྱི་ལྷན་ཐབས་སྤྲོད་ཚུགསཔ་ཨིན།
  • དུས་དང་ཟས་སྤྱོད་ཀྱི་བསླབ་བྱ་དང། གཞན་ཡང་ཆོས་དང་འཇིག་རྟེན་གྱི་རྣམ་གཞག་རིག་པའི་ཐོག་ལས་ནད་རིགས་ཚུ་སྔོན་འགོག་དང་བརྡ་དོན་གསལ་བཤད་ཀྱི་གོ་བརྡ་ཚུ་གསོ་བ་རིག་དགོངས་དོན་ལྟར་བྱིན་ཚུགསཔ་ཨིན།
  • ནད་པ་གསོ་བའི་ཐབས་བསམ་པ་བྱང་ཆུབ་སེམས་དཔའི་ཀུན་སློང་དང་ལྡན་པའི་སྒོ་ལས་ཀུན་སྤྱོད་བཟང་པོ་སྨན་པའི་དམ་ཚིག་ལས་མི་འགལ་བར་ནདཔ་ཀུན་ལུ་ཆགས་སྡང་ཕྱོགས་རིས་མེད་པའི་ཞབས་ཏོག་སྤྲོད་ཚུགསཔ་ཨིན།
  • ཁུངས་ལྡན་གྱི་ལུང་དང་རིགས་པའི་ཐོག་ལས་ཞིབ་འཚོལ་འབད་དེ་རང་ལུགས་གསོ་བ་རིགས་པ་འདི་གཅེས་སྐྱོང་དང་གོང་འཕེལ་གཏང་ནི་ཨིན།

༤)  གསོ་རིག་གཙུག་ལག་གཞི་རིམ་སློབ་ཚན་རྩ་གཞུང་ནང་དོན།

༥)  འཛུལ་ཞུགས་ཁྱད་ཚད།

  • རིག་གཞུང་འབྲིང་རིམ་གོང་མའི་ནང་ལས་སློབ་རིམ་༡༢པ་རྩ་བའི་ཆོས་ཚན་(སྤྱོད་འཇུག་སུམ་རྟགས་སྙན་ངག་རྫོང་ཁ)ཚུ་ནང་ཉུང་ཤོས་བརྒྱ་ཆ་༦༠དང་ དབྱིན་སྐད་ནང་ཉུང་ཤོས་བརྒྱ་ཆ་༥༠ཐོབ་སྟེ་མཐར་འཁྱོལ་བྱུང་དགོཔ་ཨིན།
  • གཞུང་གྲྭ་ཚང་ནང་ལས་འཛིན་རིམ་དྲུག་པའི་སློབ་སྦྱོང་མཐར་འཁྱོལ་ཡོད་པའི་ཁར་དབྱིན་སྐད་སློབ་རིམ་བརྒྱད་པ་མཐར་འཁྱོལ་ཡོད་པའི་དགེ་སློང་ རང་སོའི་གྲྭ་ཚང་འཛིན་སྐྱོང་ལས་བརྒྱུད་དེ་འོང་དགོཔ་ཨིན།
  • སློབ་གྲྭ་ཁག་གི་ཚན་རིག་གི་ཆོས་ཚན་ནང་ལས། རྫོང་ཁ་༧༠། དབྱིན་སྐད་༥༠། ཚན་རིག་ Biology ༦༠། བཅས་བརྒྱ་ཆ་ ༦༠%ཐོབ་དགོ།